བོད་ཀྱི་ལོ་གསར།

སྐུ་རྒྱལ་བོད་ཀྱི་ལོ་གསར།

 

སྤྱིར་ལོ་གསར་ནི་ལོ་རྙིང་ལས་སྡོམ་གྱི་འགྲུབ་སྟོན་ཞིག་ཡིན་ལ།  ལོ་གསར་སྟ་གོན་གྱི་མཛད་སྒོ་ཞིག་ཀྱང་རེད།   ད་དུང་བོད་ལ་མཚོན་ན་ལོ་གཅིག་གི་ནང་གི་ངལ་གསོའི་དུས་ཚོད་རིང་ཤོས་དེའང་ཆགས་ཡོད། གསལ་བོ་ཞིག་བརྗོད་དཀའ་མོད། གཅིག་བྱས་ན་འཛམ་གླིང་རིལ་མོ་འདིའི་སྒང་གི་དུས་སྟོན་རིང་ཤོས་དང་རྒྱས་ཤོས་དེའང་ཡིན་སྲིད། དགའ་སྟོན་རྐྱང་རྐྱང་གིས་རོལ་ཆོག་པའི་ཉིན་ཞག་སུམ་ཅུ་སྟེ།  སྐུ་རྒྱལ་བོད་ཀྱི་ལོ་གསར་དུས་སྟོན་རིང་མོ་འདིར། ཡང་བསྐྱར་ཕྱིར་མིག་ཅིག་བགྲད་དེ་བསམ་གཞིགས་ཤིག་གཏོང་དུས། ཟས་པ་རི་རབ་དང་བཏུང་བ་རྒྱ་མཚོར་འཁྱིལ་བའི་ཉིན་ཞག་སུམ་ཅུ་འདི་འུ་ཅག་སྐུ་རྒྱལ་བོད་ཀྱི་རིན་ཐང་དང་སྣང་བརྙན་གསོན་པོར་འཆར་བའི་གོས་སྐུ་ཞལ་ཐང་ཆེན་མོ་ཞིག་རེད་ཅེས་བརྗོད་ཆོག་ཆོག་རེད།

བོད་ས་སྟོད་སྨད་བར་གསུམ་དུ་ཡུལ་ལུང་སོ་སོའི་ཐུན་མོང་མ་ཡིན་པའི་འཚོ་བའི་གོམས་ གཞིས་ཀྱི་རྐྱེན་པས་ལོ་གསར་གཏོང་སྟངས་ལ་ཡང་ཁྱད་པར་ཕྲན་ཙམ་ཡོད་སྲིད་མོད།  སྤྱི་ཡོངས་ཀྱི་ཆ་ནས་སྐུ་རྒྱལ་བོད་ཀྱི་ལོ་གསར་ནི་བོད་སྤྱི་ལ་དབང་བའི་བཀྲ་ཤིས་གཡང་འཁྱིལ་གྱི་དུས་སྟོན་ཅིག་ཡིན། ལོ་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་ནི་ལོ་རྙིང་ཕར་ལ་བསྐྱེལ་བར་སྟ་གོན་བྱེད་པའི་ཉིན་མོ་ཡིན།  ཉིན་མོ་འདིར་ལོ་རྙིང་པའི་ནང་འགོ་བཙུགས་པའི་བཀལ་འཁལ་ཐགས་འཐག་ཚུན་གྱི་བྱ་གཞག་ཡོད་ཚད་ལེགས་པར་མཇུག་སྒྲིལ་བར་བྱས་ཏེ། ལོ་གསར་བའི་བྱ་གཞག་ཀུན་ལ་རེ་བ་དང་སྨོན་ལམ་བཟང་པོའི་སྒོ་ནས་གྲ་སྒྲིག་གིས་གཞིས་ཁྱིམ་ཧྲིལ་བོར་གད་བདར་བྱེད་པ་དང་། ཐ་ན་རྟ་ནོར་ལུག་གསུམ་གཙོས་སྒོ་ཕྱུག་ཡོད་དོ་ཅོག་དང་། ནང་མི་སྤུན་མཆེད་ཚང་མ་གཞི་ཁྱིམ་གཅིག་ལ་འཛོགས་དགོས་པར་མ་ཟད། ནང་མི་ཚང་མས་རང་ཉིད་ཀྱི་གཟུགས་པོར་ཁྲུས་བརྒྱབས་ཏེ་དྲི་ཆུ་དང་ལོ་རྙིང་གི་གད་སྙིགས་རྣམས་ཕྱོགས་གཅིག་ཏུ་ཕུངས་པོར་སྤུངས་རྗེས། དགུ་གཏོར་དང་ལྷན་དུ་གཞིས་ཁྱིམ་མི་མཐོང་སའི་ལུང་བའི་མདའ་དང་གྲོག་རོང་དུ་གླུད་རྫོང་བྱས་ཏེ། ལོ་རྙིང་བར་རང་གི་གཞིས་ཁྱིམ་ལ་འཁོར་བའི་ནད་གདོན་བར་ཆད་ཐམས་ཅད་ཀྱི་རྒྱུན་ཟློག་པ་དང་ལོ་གསར་བར་བཀྲ་ཤིས་བདེ་ལེགས་འབྱུང་བའི་སྨོན་ལམ་རྒྱག་གིན་ཡོད།དེ་རྗེས་ནང་མི་ཚང་མ་ལྷན་དུ་འཛོམས་ཏེ་དགུ་ཐུག་བསྐོལ་ནས་འཐུང་སྲོལ་ཡོད།  དགུ་ཐུག་བསྐོལ་སྐབས་ཐུག་པའི་ནང་དུ་ཚྭ་སྒོག་ཡེར་གསུམ་སོགས་མཚོན་དོན་འདྲ་མིན་ཅན་གྱི་ཟས་རིགས་སྣ་ཚོགས་ཕངས་ནས།དེ་དག་མི་སུའི་དཀར་ཡོལ་ནང་ཁེལ་ན་མཚོན་དོན་དང་འབྲེལ་ཏེ་མི་གཤིས་སོགས་ལ་འགྲེལ་བཤད་བསྐྱོན་སྲོལ་ཡོད།གཞན་ཡང་དགུ་ཐུག་ནི་ནམ་རྒྱུན་དང་མ་འདྲ་བར་འབྲངས་ཆད་པ་ཞིག་འཐུང་དགོས་པར་བཤད།  དེ ནི་དགུང་མོ་འདིར་མི་རྣམས་གཉིད་དུ་ཡུར་རྗེས་གཤིན་རྗེ་ཆོས་རྒྱལ་གྱིས་དཀར་ནག་དབྱེ་འབྱེད་ཀྱི་རྒྱ་མ་བཟུང་ནས་མི་རེ་རེ་བཞིན་རྒྱ་མར་འདེགས་དགོས་ཤིང་།གལ་སྲིད་རྒྱ་མ་མ་ལོངས་ན་འཇིག་རྟེན་མི་ཡུལ་ནས་ཁྲིད་འགྲོ་བའི་བཤད་སྲོལ་ཡོད།  གང་ལྟར་དོན་གྱིས་མི་རྣམས་ཀྱིས་ལོ་རྙིང་གི་མཐའ་མིའི་ཉིན་མོ་འདིར་འདས་པའི་ལོ་ཧྲིལ་པོ་གཅིག་གི་རིང་ལ་རང་ཉིད་ཀྱིས་དགེ་སྡུག་གི་ལས་ཅི་ཞིག་བསགས་པར་རང་གནོང་བསམ་ཞིབ་བྱེད་དགོས་པའི་དོན་དུ་ཡིན།  

གནམ་གང་གི་ནི་ལོ་གཅིག་གི་ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས་ཧྲིལ་བོ་ཡོངས་སུ་ཆ་ཚང་བའི་ཉིན་མཐའ་མ་དེ་ཡིན་པས།ཡུལ་མི་རྣམས་ཀྱིས་རང་གི་འབྱོར་བའི་ལོངས་ཚོད་ཀྱི་ལོ་སར་ཁ་ཟས་རྣམས་སྡེར་མའི་ནང་དུ་སྤུངས་ཏེ་ལོ་གསར་དགའ་སྟོན་ལ་སྡེར་ཁ་བསྒྲིགས་པ་དང་།སྐུ་བརྙན་ཐང་ཀ་སོགས་མཆོད་བཤམས་བྱས་ཏེ་ལོ་གསར་བ་བསུ་བར་གྲ་སྒྲིག་བྱེད་པ། ནང་མི་ཚང་མ་རང་གི་གཞིས་ཁྱིམ་དུ་ལྷན་འཛོམས་ཀྱིས་ཁྱིམ་ཚང་གཞན་ལ་རུ་ཉུལ་དུ་མི་འགྲོ་བར་མ་ཟད། དུས་རྒྱུན་ལོ་འགོ་ཚེས་འགོ་ཟེར་ནས་ལོ་གསར་ལ་ཉེ་བའི་དུས་སྐབས་སུ་དོན་རྐྱེན་འབྱུང་བར་དོགས་ཟོན་གྱིས་ཕྱོགས་བསྐྱོད་འགྲུལ་བཞུད་དང་བྱ་བ་ཅི་ཞིག་བསྒྲུབ་ཀྱང་དེ་ལ་ཧ་ཅང་འཛེམས་ཟོན་བྱེད་པ་ཡིན། 

ལོ་གསར་ཚེས་གཅིག་ནི་རེ་བ་དང་ཡིད་ཆེས་ཀྱིས་གཏམས་པའི་ལོ་ཟླ་གསར་བ་ཞིག་གི་དབུ་ཁྱུད་དེ། འབྱུང་འགྱུར་གྱི་ལོ་འཁོར་ཧྲིལ་བོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་གོམ་འགྲོས་ཐོག་མ་དེའང་ཡིན།དུས་རྒྱུན་བོད་པ་རང་གི་ཁ་རྒྱུན་ལ་བོད་རྟེན་འབྲེལ་གྱི་བདག་པོ་ཞེས་གྲགས་པ་ལྟར། བོད་མི་རྣམས་ཀྱིས་ཉིན་འདིའི་བྱ་བ་ཅི་ཞིག་ཡིན་རུང་འགོ་ལེགས་པོ་ཞིག་འཛུགས་ཐུབ་ རྒྱུ་དང་མི་སྒེར་རང་ཉིད་ཀྱི་ཡ་རབས་ཀུན་སྤྱོད་ལ་དོ་སྣང་ཆེན་པོ་བྱེད།  བུད་མེད་ཚོ་ཞོགས་པ་སྔ་མོ་ཆུ་ཁར་ལོ་གསར་བའི་ཆུའི་ཕུད་ལེན་དུ་འགྲོ་བ་དང་། སྐྱེས་པ་ཚོས་བསང་གསོལ་མཆོད་འབུལ་སོགས་གྲུབ་རྗེས།ནང་མི་ཚང་མས་རྒྱན་གོས་གསར་བ་གྱོན་ཏེ་མཆོད་ཁང་གི་ལྷ་སྐུ་རྟེན་གསུམ་དང་རང་གི་ཕ་མ་ལ་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་འབུལ་དང་། དེ་ནས་བཟའ་མི་ལྷན་འཛོམས་ངང་རྒན་བཀུར་ཆུང་བྱམས་དང་བཀྲ་ཤིས་ཁ་གཡང་སྒྲོག་ཞོར་ལོ་གསར་བའི་ཇ་ཐུན་དང་པོ་དེ་ལོ་གསར་ཚེས་གཅིག་གི་ཞོགས་ཇ་འཐུང་བ་ཡིན། འདི་ལྟར་རང་གི་ཁྱིམ་ཚང་གི་ལོ་གསར་རྟེན་འབྲེལ་གྱི་ཆོ་གའི་རྗེས་ལ། སྡེ་བའི་ཆོས་མགོ་གཏུགས་སའི་དགོན་པའི་བླ་མ་དང་། དེ་བཞིན་ཡུལ་སྡེ་དེའི་དཔོན་པོ་དང་ལོ་ལོན་རྒན་རྒོན་ཚོར་ལོ་གསར་གྱི་འཚམས་འདྲི་དང་ལོ་རྒྱལ་སྐྱེལ་དུ་འགྲོ་དགོས། ལོ་གསར་བའི་ནང་ཁྱིམ་ཚང་གང་ཞིག་ལ་ཐོག་མར་མགྲོན་པོར་ཆས་སྐབས་ལག་སྟོང་དུ་འགྲོ་མི་རུང་ལ། དེ་བཞིན་ཁྱིམ་ཚང་སུ་ཡིན་ཡང་འོང་བའི་མགྲོན་པོ་ཕྱིར་ལག་སྟོང་དུ་གཏོང་སྲོལ་མེད།  དེ་བཞིན་གཞོན་པ་ཚོས་རྒན་པ་ཚོར་གླུ་ཡིས་བསྟོད་པ་དང་རྒན་པ་ཚོས་གཞོན་པ་ཚོར་ཁ་གཡང་བསྒྲགས་ཏེ།  ལོ་གསར་སྐབས་སྒང་བ་བོད་ཀྱི་གནམ་སྔོན་པོའི་འོག་དང་རི་ཆུ་སྤང་གསུམ་གྱི་རིམ་ཁོང་ཧྲིལ་བོ་ཡ་རབས་བཟང་སྤྱོད་དང་བཀྲ་ཤིས་ཁ་གཡང་གིས་ཁྱབ་ནས་ཡོད།

གཞན་ཡང་།  ཡབ་མེས་བཙན་པོ་རིམ་བྱུང་གི་དུས་སུ་བོད་རྒྱལ་ཁབ་ཆེན་པོའི་གཞུང་ངོས་ནས་སྐུ་རྒྱལ་བོད་ཀྱི་ལོ་གསར་གཏོང་སྲོལ་ཅི་འདྲ་ཡིན་མིན་ད་ལྟ་གསལ་བོ་ཞིག་རྟོག་དཀའ་ཞིང་།  བོད་སིལ་བའི་རྗེས་ནས་ད་ལྟའི་བར་གཞུང་ཕྱོགས་ཀྱི་ལོ་གསར་གཏོང་སྲོལ་ལ་གཅིག་གྱུར་གྱི་ངེས་གཏན་གསལ་བོ་ཞིག་མེད་ནའང་། གཞུང་ས་དགའ་ལྡན་ཕོ་བྲང་བའི་དུས་སྐབས་ནས་བཟུང་། ལོ་སར་ཚེས་གཅིག་བླ་མའི་ལོ་སར་དང་། ཚེས་གཉིས་རྒྱལ་པོའི་ལོ་སར། ཚེས་གསུམ་ཆོས་སྐྱོང་གི་ལོ་སར་ཞེས་གཞུང་ཕྱོགས་ནས་མཛད་སྒོའི་སྒྲིག་རིམ་ཞིག་དར་ཡོད།  ཡིན་ནའང་། གཞི་རིམ་དམངས་ཁྲོད་དུ་དེ་ལུགས་ཀྱི་དབྱེ་བ་གསལ་བོ་མེད། ལོ་གསར་ཚེས་གསུམ་ཉིན་ཕྱུག་ཟོག་གི་སྲུང་ཁ་གསོ་བ་དང་།  དེ་མིན་སྡེ་མི་ལྷན་འཛོམས་ཀྱིས་ཡུལ་སྡེ་རང་གི་ལབ་ཙེ་དང་དར་ལྕོགས་སོགས་ལ་ཁ་སྲེ་བརྒྱབས་ནས་ཕ་ས་ཕ་ཡུལ་གྱི་ཡུལ་ལྷ་གཞི་བདག་གི་ངོ་བསོ་བསྟོད་སྲོལ་འདུག  དེ་མིན་གྱི་ལོ་སར་ཉིན་མོ་གཞན་དག་དུ་ཡོངས་ཁྱབ་གཅིག་གྱུར་གྱི་དམིགས་བསལ་བྱེད་སྒོ་གཞན་མི་འདུག་པ་འདྲ། འོན་ཀྱང་།  ལོ་གསར་ཚེས་བཅོ་ལྔའི་བར་དུ་རྒན་པར་གྱ་སྟོན་དང་། བྱིས་པར་ནོད་སྟོན། གཞོན་ནུ་ཕོ་མོའི་གཉེན་སྟོན།  དེ་བཞིན་ཡུལ་སྡེ་ཕན་ཚུན་པར་མདའ་འཕེན་རྟ་རྒྱུགས་ཀྱི་འགྲན་བསྡུར་སྣ་ཚོགས་ཀྱང་སྤེལ་སྲོལ་ཡོད།  སྟོན་མོ་དེ་དག་གི་སྐབས་སུ་གླུ་ལེན་གར་རྩེད་སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་སྒྱུ་རྩལ་སྣ་ཚོགས་ལ་ཡུལ་མི་ལྷན་འཛོམས་ཀྱི་སྒོ་ནས་མཉམ་རོལ་བྱས་ཏེ་དགའ་སྤྲོའི་གླུ་སྒྲས་གནམ་ས་འགངས་བར་བྱེད།  ལོ་གསར་གྱི་ཉིན་འདི་དག་ནི་ཤ་རུས་ཟུང་ཁྲག་གི་དར་ཐག་གཅིག་ལ་བརྒྱུས་པའི་བོད་མི་ས་ཡ་དྲུག་གིས་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་བཟུང་བའི་དག་གཙང་གི་སྨོན་འདུན་དང་མི་རིགས་རང་གི་མི་ཚེ་རིན་ཐང་གི་ལྕིད་ཁོག་གཟིགས་མོར་འབུལ་བའི་དུས་སྐབས་ ཤིག་ཀྱང་ཅིས་མ་ཡིན། 

 

དྲྭ་ཡིག thumitsang@gmail.com